Рет қаралды 1,464
བཀྲིས་ལྷུན་པོའི་རྒྱུད་གྲྭའི་དགུ་གཏོར་གར་འཆམ།
༄༅། །སྤྱིར་གར་འཆམ་ལ་རིགས་མི་འདྲ་བ་དུ་མ་མཆིས་ཀྱང་། འདིར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་གསང་སྔགས་རྒྱུད་པ་གྲྭ་ཚང་གི་དགུ་གཏོར་གར་འཆམ་སྐོར་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་འཆད་པ་ལ། འདི་ཉིད་བྱུང་ཚུལ་དང་། གར་འཆམ། ཞར་ལ་དགོས་པ་གསུམ་ལས། དང་པོ་ནི། འདི་ཉིད་ཐོག་མར་༸པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོས་རྩ་རྒྱུད་ཀྱི་དགོངས་པ་མཐུན་པར་ཐུན་མོང་དང་ཐུན་མིན་གྱི་དགོས་དམིགས་ཁྱད་པར་ཅན་ལ་དགོངས་ཏེ་ཕྱི་ལོ་༡༦༩༥།༡༡།༡༠ བཀྲ་ཤིས་ལྷུན་པོའི་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་གསར་འཛུག་མཛད་ཅིང། དེ་ནས་བཟུང་ད་བར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་ལོ་ལྟར་དགུ་གཏོར་གར་འཆམ་ཞེས་གལ་ཆེར་འཛིན་ནས་ཆག་མེད་གནང་གི་ཡོད། གཉིས་པ། གར་འཆམ་བཤད་པ་ལ། སྦྱོར་དངོས་མཇུག་གསུམ་བཤད་པ་ལས། དང་པོ་སྦྱོར་བ་ལ་ཡང་རིང་སྦྱོར་དང་ཉེ་སྦྱོར་གཉིས་ལས། རིང་སྦྱོར་རམ་སྔོན་ཚུད་ནས་གནང་དགོས་ཀྱི་སྦྱོར་བ་ནི། དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་འདི་ཉིད་ཀྱིསྔགས་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང། དབུ་མཛད་ཆེན་མོ། འཆམ་དཔོན། ཨགྷམ་པ། ཆོས་རྒྱལ་ཡབ་ཡུམ་གཉིས་ཀྱི་གར་འཆམ་པ་བཅས་ནས་ལས་བསྙེན་གྲངས་ཚང་སྔོན་དུ་འགྲོ་དགོས་པ་དང། ཉེ་སྦྱོར་ནི། རྒྱུད་གྲྭའི་དགེ་འདུན་ཡོངས་རྫོགས་ཀྱིས་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་དགོང་མོ་མཆོད་པ་བྱིན་རླབས་དང་།ཚེས་ཉེར་ལྔ་ནས་ཚེས་ཉེར་དགུའི་བར་ཉིན་ལྔའི་རིང་ལ་དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་སྔགས་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་དགེ་འདུན་འདུས་པ་རྒྱ་ཚོ་ནས་ཆོས་སྐྱོང་ཡོངས་རྫོགས་ཀྱི་བསྐང་གསོ་དང་། དམིགས་བསལ་དམ་ཅན་ཆོས་རྒྱལ་གྱི་སྒོ་ནས་ལིངྒ་བསྒྲལ་ཆོག་སོགས་གཏོར་སྒྲུབ་རྒྱས་པ་ཚོགས་གནང་མཛད་དགོས། གསུམ་པ། དགུ་གཏོར་གར་འཆམ་དངོས་གཞི་ནི། རྒྱུད་གྲྭ་འདིའི་དགེ་འདུན་པ་རྣམས་ནས་རང་ཉིད་ཡི་དམ་ལྷའི་ང་རྒྱལ་བརྟན་པོ་ལ་གནས་ནས་དམ་ཅན་ཆོས་རྒྱལ་ཡབ་ཡུམ་གཉིས་དང་། འཁོར་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱི་ནང་ནས་ཤན་པ་གཉིས། གཞན་ཡང་ཞྭ་ནག་གི་གར་འཆམ་སོགས་ལུས་ཀྱིས་སྒེག་པ་་དཔའ་བ་དྲག་ཤུལ་ལ་སོགས་པའི་རྣམ་འགྱུར་སྣ་ཚོགས་སྒོ་ནས་གར་འཆམ་དངོས་སུ་མཛད་པའི་རྟེན་འབྲེལ་ལས་ཆོས་སྲུང་དམ་ཅན་དེ་དག་གིས་ཀྱང་ཞི་རྒྱས་དབང་དྲག་གི་སྒོ་ནས་འཕྲིན་ལས་སྒྲུབ་པར་བྱེད་ཅིང། གཞན་ཡང་དམ་ཅན་ཆོས་རྒྱལ་གྱི་སྒོ་ནས་ལིངྒ་བསྒྲལ་ཆོག་དང་། བསྟན་དགྲ་གདུག་པ་ཅན་ཚར་གཅོད་པའི་ཕྱིར་ཆོས་རྒྱལ་ནང་སྒྲུབ་ཀྱི་སྒོ་ནས་གཏོར་ཟོར་འཕེན་པ་སོགས་ལེགས་པར་མཛད་དོ། གསུམ་པ་མཇུག་ཏུ་བསྔོ་བ་ནི་དེ་ལྟ་བུའི་དགེ་བའི་རྩ་བ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་རིན་པོ་ཆེ་སྤྱི་དང་ཡང་སྒོས་གསེར་མདོག་ཅོད་པན་འཆང་བའི་དགེ་ལྡན་རིང་ལུགས་འདི་ཉིད་དར་ཞིང་རྒྱས་པ་དང། བསྟན་འཛིན་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་གངས་ཅན་མགོན་པོ་༧རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱིས་དབུས་རིས་མེད་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་གྲུབ་པ་དང་། འཇིག་རྟེན་ཁམས་ཀུན་ཏུ་ནད་མུག་འཁྲུགས་རྩོད་སད་སེར་བཙའ་འཐེན་སོགས་རྒུད་ཚོགས་མཐའ་དག་ཞི་ནས་འགྲོ་རྣམས་གནས་སྐབས་ཆོས་འབྱོར་བདེ་དགས་འཚོ་ཞིང་མཐར་ཐུག་སངས་རྒྱས་ཀྱི་ས་ལ་མྱུར་དུ་རེག་པ་སོགས་ཀྱི་ཆེད་དུ་འཁོར་གསུམ་མི་དམིགས་པའི་རྒྱས་བཏབ་སྟེ་བསྔོ་བར་མཛད་དོ།། གསུམ་པ་ཞར་ལ་གར་འཆམ་གྱི་དགོས་པ་ཅུང་ཟད་བརྗོད་ན། དེ་ལྟར་སྦྱོར་བ་ཁྱད་པར་ཅན་ལྷའི་བསྙེན་པ་སྔོན་དུ་བཏང་ཞིང་ཉིན་གྲངས་མང་པོར་རིག་འཛིན་འདུས་སྡེ་ནས་ཏིང་ངེ་འཛིན་གྱི་དམིགས་པ་བརྟན་པོས་གཏོར་སྒྲུབ་སོགས་ཆོ་ག་རྣམ་དག་མཛད་ཅིང་དངོས་གཞིའི་ཉིན་ཡང་ལྷའི་ཏིང་འཛིན་བརྟན་པོའི་སྒོ་ནས་ལྷ་དེ་དང་དེའི་ཞལ་འབག་དང་ཆས་གོས་གྱོན་ནས་གར་འཆམ་ཆོ་གའི་ཚིག་རིས་དང་མཐུན་པར་བྱས་པས་ལྷ་དེ་རྣམས་དངོས་སུ་བྱོན་ནས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞི་སྒྲུབ་པར་བྱེད་ཅིང་དད་ལྡན་མང་ཚོགས་རྣམས་ཀྱང་ལྷ་ཆོས་སྐྱོང་སྲུང་མའི་ཞལ་འབག་མཐོང་བས་གནས་སྐབས་བར་ཆད་ཞི་ཞིང་དགེ་བའི་བག་ཆགས་ཁྱད་པར་ཅན་སྐྱེ་བར་བྱེད་དོ། གཏོར་རྒྱག་བྱེད་པ་ཡང་བསྟན་པ་དེ་འཛིན་དང་བཅས་པར་གནོད་ཅིང་འཚེ་བར་བྱེད་པའི་ཞིང་བཅུ་ཚང་བའི་དགྲ་བགེགས་དང་འགྲོ་བ་སེམས་ཅན་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་གེགས་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གྱི་དགྲ་བོ་འཇོམས་པར་བྱེད་ཅིང་འཇིག་རྟེན་ཁམས་ཀུན་ཏུ་བཀྲིས་ཤིང་དགེ་ལེགས་རྒྱ་ཆེན་པོས་ཁྱབ་སྟེ་འགྲ་ོརྣམས་བདེ་སྐྱིད་ཀྱི་དཔལ་ཡོན་ལ་རོལ་པའི་དགོས་པ་ཡོད་དོ།།
More details: www.tashilhunpo.org